མིང་གི་མངོན་བརྗོད་པད་མ་དཀར་པོའི་ཕྲེང་བ།

མིང་གི་མངོན་བརྗོད་པད་མ་དཀར་པོའི་ཕྲེང་བ།

མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཞེས་གྲགས་པ་ལྟར་གནའ་བོའི་རྒྱ་གར་དང་བོད་ཀྱི་རྩོམ་རིག་ལ་མཚོན་ན་མངོན་བརྗོད་རིག་པ་ནི་ཤིན་ཏུ་གལ་ཆེ་བས། རིག་པའི་གནས་བཅུར་འདྲེན་སྐབས་ཀྱང་མངོན་བརྗོད་རིག་པ་ཞེས་རིག་པའི་གནས་གལ་ཆེན་ཞིག་ཏུ་འདྲེན་སྲོལ་ཡོད་ཅིང་། དེ་ལ་ཆེད་དུ་སློབ་ཁྲིད་དང་བློ་འཛིན་སོགས་ཀྱང་རྒྱ་ཆེན་པོ་བགྱི་བའི་ལུགས་སྲོལ་ཡོད། 
མངོན་བརྗོད་ཀྱི་བསྟན་བཅོས་ལ་རྒྱ་གར་དང་བོད་ཀྱི་མཁས་པས་མཛད་པ་མང་ན་ཡང་། འདིར་ཀརྨ་པ་མི་བསྐྱོད་རྡོ་རྗེ་ལ་སློབ་མ་མཁས་པ་མང་དུ་ཡོད་པའི་ནང་ནས་ཡོངས་སུ་གྲགས་པ་ཀརྨ་ཕྲིན་ལས་པ་གཉིས་པའམ། དཔལ་ཁང་ཆོས་མཛད་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་ཞེས་དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་པའི་མཁས་པ་དེ་ཉིད་ཀྱིས་རྒྱ་བོད་ཀྱི་མངོན་བརྗོད་ཀྱི་བསྟན་བཅོས་གཙོ་བོར་གྱུར་པའི་བཀའ་བསྟན་མང་པོ་ལ་ཁུངས་བཅོལ་ཞིང་ཕྱོགས་སྒྲིག་མཛད་པའི་་མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ་ཞེས་པ་དེ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་བསྡུས་དོན།

དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་བསྡུས་དོན།

དབུ་མའི་སྤྱི་དོན་གྱི་དཔེ་རྙིང་འདི་བཞིན་༸རྒྱལ་དབང་ཀརྨ་པ་མཆོག་གི་ཕྱག་ཏུ་མཆིས་ཤིང་། གཞུང་འདི་རང་རེ་བཀའ་བརྒྱུད་པ་རྣམས་ལ་དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལ་སློབ་གཉེར་བ་དག་ལ་མེད་ཐབས་མེད་པ་ཞིག་ཡིན་ཞེས་༸དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་བཀའ་ཡི་དགོངས་དོན་བཞིན་འཕྲུལ་དེབ་དུ་བཟོ་བསྐྲུན་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
བསྡུས་པ་ཆེ་འབྲིང་ཆུང་གསུམ།

བསྡུས་པ་ཆེ་འབྲིང་ཆུང་གསུམ།


ད་ལན་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པས་མཛད་པའི་ཐུན་མོང་བསྡུས་པའི་རྩ་ཚིག་འདི་བཞིན། ཐོག་མར་བོད་དུ་བཞུགས་པའི་བཀའ་བརྒྱུད་མཁན་པོ་འགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སྟེས་དབང་གིས་རྙེད་སོན་བྱུང་ཞིང་། སྤྱི་ལོ་ཉིས་སྟོང་བཅུ་གཉིས་དང་། བཅུ་གསུམ། བཅུ་བཞི་སྟེ་ལོ་སོ་སོར་བཀའ་བརྒྱུད་དགུན་ཆོས་ཡིག་ཆ་ཕྱོགས་སྒྲིག་ཚོགས་པ་ཟུར་འཛུགས་ཀྱིས་བསྡུས་པའི་རྣམ་བཤད་འདི་ཕྱོགས་སྒྲིག་དང་པར་སྐྲུན་བྱས། སྤྱི་ལོ་ ༢༠༡༢ ནས་བཟུང་ལོ་གསུམ་གྱི་རིང་བཀའ་བརྒྱུད་དགུན་ཆོས་ཐེངས་བཅུ་དྲུག་ནས་བཅོ་བརྒྱད་པའི་བར། བསྡུས་པའི་རྣམ་བཤད་འདི་དང་ཡོངས་འཛིན་རྣམ་རྒྱལ་གྲགས་པའི་བློ་རྟགས་བཅས་ལ། ངོས་དང་ཆོས་བརྒྱུད་ཆེན་པོ་བཞིའི་དཔང་པོ་དང་ལྷན་ཅིག་པའི་མདུན་དུ་བཤད་གྲྭ་ཁག་གིས་རིགས་ལུང་འགྲན་རྩོད་བྱས། དེར་མ་ཟད་ཐེངས་སོ་སོའི་དགུན་ཆོས་གྲུབ་རྗེས། བཀའ་བརྒྱུད་སྨོན་ལམ་དང་། བདེ་བྱེད་མའི་དགུན་ཆོས་བཅས་ཀྱི་རིང་བཤད་གྲྭ་ཁག་གི་མཁན་སློབ་དང་། དཔེ་ཆ་བ་དྲག་གྲས་རྣམས་བསྡུས་ནས་བསྐྱར་ཞིབ་ཀྱང་བགྱིད་ཡོད།

ད་ལན་སྔར་གྱི་བསྡུས་པའི་དེབ་གསུམ་པོ་གཅིག་ཏུ་བྱས་ཏེ། ཚིག་དོན་གྱི་ཆ་ལ་ཞུ་དག་དང་བསྐྱར་སྒྲིག་གང་ཐུབ་བྱས་ཐོག །བསྡུས་པའི་རྩ་ཚིག་ད་ལྟ་ལག་ཏུ་སོན་པ་བླ་བྲང་བཀྲ་ཤིས་འཁྱིལ་དང་། ཨ་མཆོག་མཚན་ཉིད་དགོན། བཀྲ་ཤིས་ལྷུན་པོའི་དཔེ་སོགས་དཔེ་མི་འདྲ་བ་མང་ཙམ་མཇལ་ཀྱང་། ཤོ་ལོ་ཀའི་གྲངས་མང་ཉུང་དང་། ནང་དོན་ཅུང་ཟད་མི་མཐུན་ཞིང་། འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་གར་དབང་དྲུག་པས་མཛད་པའི་བསྡུས་པའི་རྩ་ཚིག་དཔེ་རྙིང་ཞིག་ཡོད་འདྲ་ཡང་། ད་བར་ལག་ཏུ་མ་སོན་པས་རྩ་ཚིག་གང་ཞིག་ཚད་མར་འཛིན་དགོས་མིན་ཐག་ཆོད་དཀའ་ཡང་། ཐོག་མར་རྙེད་པའི་རྩ་ཚིག་ནི་བླ་བྲང་པར་མ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ་དུ་བཞུགས་པ་དེ་ཡིན་པས་རེ་ཞིག་འདི་ཉིད་གཙོ་བོར་བཟུང་ཡོད། རྩ་ཚིག་ཏུ་མེད་ཀྱང་ལས་དང་པོ་བར་ཉེ་བར་མཁོ་བ་ལྡོག་པ་ངོས་འཛིན་དང་།

ད་དུང་བལྟ་ཀློག • Read More • 閱讀更多
བཀའ་བརྒྱུད་སྨོན་ལམ་དེབ།

བཀའ་བརྒྱུད་སྨོན་ལམ་དེབ།

སྔོན་ལས་བཙན་པོའི་དབང་གིས་སངས་རྒྱས་ཀརྨ་པའི་མཚན་གྱི་ཁུར་པོ་ཆེ་དབང་མེད་དུ་བཀལ་ནས། མཁས་པ་མིན་ཡང་མཁས་པ་ལྟར་བརྫུ་དགོས་པ་འདི་བྱུང་ཞིང་། ཁྱད་པར་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་བདེ་བར་གཤེགས་པ་གང་གི་ཐུགས་དགོངས་རྫོགས་སུ་རེ་བས། ད་བར་མི་ལོ་བཅུ་ཕྲག་གི་རིང་སྨོན་ལམ་གྱི་འགན་འཁུར་བླངས་པའི་ཟོལ་དུ་མཆིས་ཀྱང་། ཆོས་འཇིག་རྟེན་གྱི་ཤེས་རྒྱ་ཅི་ཡང་མེད་པའི་ཐོག །སྔོན་ལས་ངན་པའི་བར་ཆད་མཚོ་ལྟར་བརྡོལ་བས་བསམ་པ་དང་རེ་བ་ཇི་བཞིན་མ་གྲུབ་པའི་སྟེང་། རྩ་རི་བསྐོར་བའི་སྙན་གྲགས་མེད་པར། དགོན་གཡག་བརྐུས་པའི་མི་ཁ་ཞེས་པའི་དཔེ་ལྟར་གྱུར་མོད་ལས་འབྲས་བདག་གིར་བྱ་རྒྱུ་ལས་འོས་ཅི་ཡོད། ཅུང་ཟད་ལེགས་པར་སྣང་བ་ཐམས་ཅད་ནི་བླ་མ་རྒྱལ་བ་སྲས་དང་བཅས་པའི་མཐུ་བྱིན་དང་། མཁའ་འགྲོ་ཆོས་སྐྱོང་གྱི་སྟོང་གྲོགས། ལས་སྨོན་གྱིས་འབྲེལ་བའི་གྲོགས་མཆེད་རྣམས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་པ་གོར་མ་ཆག །འདི་དག་ལ་སོགས་པའི་དུས་གསུམ་གྱི་དགེ་བ་ཅི་མཆིས་པ་ཐམས་ཅད་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་དོན་དུ་བསྔོ་བ་ལགས་ན། དེ་བཞིན་འགྲུབ་པའི་མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པས་མཛོད། གླེང་བརྗོད་འདི་ནི་ཨོ་རྒྱན་ཕྲིན་ལས་རྡོ་རྗེར་འབོད་པའི་འཁྱམས་པོ་དེས་སྤྱི་ལོ་ 2015 ཟླ་ 12 ཚེས་ 14 ལ་བཞུགས་སྒར་དྷ་རམ་ཤཱ་ལཱའི་ཉེ་ལོགས་སྟོད་རྒྱུད་གཙུག་ལག་ཁང་གི་ཡང་ཐོག་ཏུ་སྦྱར་བ་དགེའོ། །

ད་དུང་བལྟ་ཀློག • Read More • 閱讀更多
རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གསུང་འབུམ།

རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གསུང་འབུམ།

དེབ་འདི་ནི་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་། མདོ་སྔགས་ཀྱི་ཆོས་གསན་པའི་ཐོ། གསུང་རྩོམ་ཐོར་བུ་གང་རྙེད་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ཐོག་མ་དེ་ཡིན། ༸རྒྱལ་དབང་མཆོག་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱོན་པའི་ཤུགས་རྐྱེན་ཆེ་བའི་དབུ་འཁྲིད་ཅིག་ཡིན་པས། བོད་ཀྱི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་དཔེ་དེབ་འདི་ནི་རིན་ཐང་ཅན་གྱི་དཔྱད་གཞིའི་གཏེར་མཛོད་དང་། ལྷག་པར་༸རྒྱལ་དབང་མཆོག་གི་རྗེས་འཇུག་རྣམས་ལ་མཚོན་ན་དེབ་འདིའི་བརྗོད་བྱ་རྣམས་ལོ་རྒྱུས་དང་རྩོམ་ཡིག་གི་རིན་ཐང་ཙམ་ལས་བརྒལ་ཏེ། འདི་ཕྱིའི་ལམ་སྟོན་གྱི་དམིགས་བུ་བཟང་པོ་ཞིག་ཡིན་ནོ། །

རང་བྱུང་རིག་པའི་རྡོ་རྗེ་ནི། (སྤྱི་ལོ་ 1924 ཟླ་ 8 ཚེས་ 14 – སྤྱི་ལོ་ 1981 ཟླ་ 11 ཚེས་ 5) བོད་ཤར་ཕྱོགས་མདོ་ཁམས་སྡེ་དགེར་སྐུ་འཁྲུངས། 1930 ལོར་ཀརྨ་པའི་སྐུ་ཕྲེང་བཅུ་དྲུག་པར་ཁྲི་འདོན་མཛད། 1955 ལོར་རྒྱ་ནག་གཞུང་གིས་གདན་ཞུས་ལྟར་པེ་ཅིང་དུ་ཕེབས། 1956 ལོར་རྒྱ་གར་དུ་སྟོན་པ་སྐུ་བལྟམས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་མཛད་སྒོར་ཕེབས། 1959 ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས། 1965 ལོར་འབྲས་ལྗོངས་སུ་རུམ་བཏེག་དགོན་ཕྱག་བཏབས། 1974 ལོ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ནང་ཆོས་སྤེལ་ཏེ་ཆོས་ཚོགས་དང་སློབ་རྒྱུན་མང་དུ་འཕེལ། དགུང་གྲངས་ལྔ་བརྒྱད་ཐོག་ཨ་རིར་སྐུ་མྱ་ངན་ལས་འདས། སྐུ་གདུང་འབྲས་ལྗོངས་གདན་སར་སྤྱན་དྲངས་ཏེ་ཞུགས་སུ་ཕུལ་ཏོ། །

ད་དུང་བལྟ་ཀློག • Read More • 閱讀更多