༧རྒྱལ་དབང་བཅུ་བདུན་པ་མཆོག་གིས་དམ་ཆོས་འཕྲུལ་དེབ་ཀྱི་དྲྭ་ཚིག་དབུ་འབྱེད་ཉིན་སྩལ་བའི་བཀའ་སློབ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༠ ཉིན། ས་གནས། རྡོར་གདན་སྒར་ཆེན་སྨོན་ལམ་ཆོས་ར།

ང་ཚོས་ཐུན་བཞི་བླ་མའི་རྣལ་འབྱོར་སྤར་སྐྲུན་བགྱིས་པ་ཁ་ཤས་ཡོད། ཐུན་བཞི་བླ་མའི་རྣལ་འབྱོར་སྐད་ཡིག་མི་འདྲ་བ་བཅུ་ཙམ་ནང་དུ་བསྒྱུར་ཟིན། དེ་དང་མཉམ་དུ་ཐུན་བཞིའི་ཁྲིད་ཡིག་ཕྱོགས་སྒྲིག་ཞིག་ཀྱང་བཟོས་ཡོད། ཁྲིད་ཡིག་དེའི་ནང་དུ་ཁག་ཁ་ཤས་རྒྱུན་གཏན་རང་རེས་མཇལ་རྒྱུ་ཡོད་པ་དང་ལ་ལ་ང་ཚོས་མཇལ་རྒྱུ་མེད་པའང་ཡོད། དཔེར་ན། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ་མཆོག་གིས་མཛད་པའི་ཐུན་བཞིའི་ལྷན་ཐབས་དེ་བཞིན་ང་ཚོས་སྔོན་མ་ཐོས་པ་དང་ཀརྨ་ཆགས་མེད་ཀྱི་ཁྲིད་ཡིག་ནང་དུ་གསུངས་པ་ལས་ཕྱག་དཔེ་དངོས་ཕལ་ཆེར་རང་རེ་འདིའི་ནང་གི་སུ་གཅིག་གིས་ཀྱང་ཧ་ལམ་མཇལ་མེད་སྙམ། ལོ་ཤས་སྔོན་ལག་ཏུ་སོན་ནས་ད་ལན་དེའི་ནང་དུ་བཅུག་ཡོད། དེ་བཞིན་ཐམས་ཅད་མཁྱེན་པ་ཞྭ་དམར་ལྔ་པས་མཛད་པ་ཐུན་བཞིའི་མཇུག་ཏུ་པྱག་རྒྱ་ཆེན་པོའི་དམིགས་རིམ་ཆ་ཚང་ཞིག་གསུངས་ཡོད་པ་དེ་དག་རྒྱུན་གཏན་མེད་པ་ཁ་ཤས་ཤིག་ཡོད། དེ་དག་སྐད་རིགས་ཁ་ཤས་ཐོག་ཏུ་བསྒྱུར་ཏེ་ཁྲིད་ཡིག་ཕྱོགས་སྒྲིག་ཞིག་བཟོས་ཡོད། ད་ལན་ཁྱེད་རང་ཚོ་དེབ་མ་ཐོབ་པ་དག་ལ་ང་ཚོས་དྲྭ་ཚིགས་གསར་པ་ཞིག་བཟོས་ཡོད། དེའི་ནང་དུ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་དང་ཐུན་བཞི་བླ་མའི་རྣལ་འབྱོར་ཡོད། ཀུན་ལ་དྲྭ་ཚིགས་ dharmaebooks.org དམ་ཆོས་བང་མཛོད་ཅེས་པ་ངོ་སྤྲོད་ཞུ་རྒྱུ་ཡིན། dharmaebooks.org དམ་ཆོས་བང་མཛོད་དྲྭ་ཚིགས་འདིའི་ཐོག་ཏུ་ད་ལྟ་དེབ་མང་པོ་མེད། རྗེས་སུ་བཀའ་བརྒྱུད་སྨོན་ལམ་གྱི་ཞལ་འདོན་ཕྱག་དཔེ་སྐད་རིགས་བཅོ་ལྔ་ཙམ་ཡོད་པས་དེ་དག་དེའི་ནང་དུ་འཇུག་རྒྱུ། དེ་བཞིན་རྒྱུན་གཏན་རང་རེས་ཉམས་ལེན་བགྱིད་རྒྱུའི་དེབ་མང་པོ་ཞིག་ཐོབ་དཀའ་བས་དེ་དག་ཀྱང་དེའི་ནང་དུ་བཅུག དེ་བཞིན་བོད་ཀྱི་གཞུང་འབྲེལ་བཀའ་བསྟན་འགྱུར་ནང་ནས་ཁ་ཤས་ཚུར་ཁོལ་དུ་ཕྱུང་སྟེ་དེའི་ནང་དུ་གལ་ཆེ་བ་ཁ་ཤས་དེའི་ནང་དུ་འཇུག་འཆར་ཡོད། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་གི་ཡིག་ཆ་དེ་དག་དེའི་ནང་དུ་འཇུག་རྒྱུ་དང་དེ་ལ་སོགས་པའི་བོད་ཀྱི་རིག་གཞུང་ལ་སོགས་པའི་དཔེ་ཆ་དུ་མ་ཞིག་ཀྱང་འཇུག་འཆར་ཡིན།

དེ་བཞིན་ད་ལན་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་འཕྲུལ་དེབ་དེའི་ནང་དུ་སྒྲ་ལྡན་གྱི་འཕྲུལ་དེབ་སྟེ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་རྩ་བ་དེ་བཞིན་སྒྲ་ལྡན་ཞིག་བཟོས། ཐུན་བཞི་བླ་མའི་རྣལ་འབྱོར་གྱི་རྩ་བ་དེ་བཞིན་ངོས་ཀྱིས་འགོ་ནས་མཇུག་པར་འདོན་ཏེ་དེའི་ནང་དུ་བཅུག་ཡོད། དེར་བརྟེན་ཁྱེད་རང་ཚོས་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་དེབ་བལྟ་བ་དང་མཉམ་དུ་སྒྲ་ཉན་རྒྱུ་ཡོད། ལ་ལ་བོད་ཡིག་སྦྱོང་གི་ཡིན་ཞེས་གསུང་མི་འདུག་པས་དེ་དག་ལའང་ཕན་ཐོགས་སྙམ། མ་གཞི་ཐུན་བཞི་བླ་མའི་རྣལ་འབྱོར་དེ་བཞིན་རྒྱ་མི་ཡིན་ཚེ་རྒྱ་སྐད་ཐོག་ནས་འདོན། དབྱིན་ཇི་ཡིན་ཚེ་དབྱིན་སྐད་ཐོག་ནས་འདོན་ན་འགྲིག་སྙམ། བོད་ཡིག་ཐོག་ཏུ་མོས་པ་ཡོད་ན་ངོས་ཀྱིས་བོད་སྐད་ཐོག་ནས་འགོ་ནས་གཞུག་བར་བཅུག་ཡོད། དེར་བརྟེན་ཁྱེད་རང་ཚོ་ལ་ཕན་ཐོགས་པའི་རེ་བ་ཡོད། ཅེས་བཀའ་སྩལ་ཏོ། །

ལས་བྱང་དུས་དེབ་༡༧་ལས་ཕྱུང་།