
སྦས་ཡུལ་ཙུམ་གྱི་གཞས་ཚིག་ཕྱོགས་བསྡེབས་དྲི་ཟའི་གླུ་དབྱངས།
དཔེ་དེབ་འདིའི་ནང་དུ་སྦས་ཡུལ་ཙུམ་ཚོ་བཅུ་གསུམ་གྱི་གླུ་གཞས་རྣམས་ཕྱོགས་གཅིག་ཏུ་སྡེབ་ནས་ཕྱོགས་སྒྲིག་བྱེད་ཡོད། སྤྱིར་མི་རིགས་སོ་སོ་མུ་མཐུད་དེ་གནས་དགོས་ན་ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྐད་རིགས་དང་རིག་གཞུང་། དེ་བཞིན་ཆོས་ལུགས་རྣམས་སྲུང་སྐྱོབ་བྱ་དགོས་པ་ཡིན། རིག་གཞུང་ལའང་མི་འདྲ་བ་སྣ་ཚོགས་ཡོད་པ་ལས་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་རྣམས་ནི་རིག་གཞུང་གི་ཤིན་ཏུ་གལ་ཆེ་བའི་ཆ་ཤས་ཞིག་ཡིན། ཙུམ་པ་རྣམས་ལ་མེས་པོ་རྣམས་ནས་བརྒྱུད་པའི་ཐུན་མོངས་མ་ཡིན་པའི་སྔོན་གླུ་དུ་མ་ཞིག་ཡོད་པས། དེ་དག་རྣམས་མི་ཉམས་གོང་འཕེལ་དང་། ལྷག་པར་དུ་མ་འོངས་པར་ན་གཞོན་ཕོ་མོ་རྣམས་སོ་སོའི་སྲོལ་རྒྱུན་གླུ་གཞས་རྣམས་ཡིད་ལ་འཛིན་བདེ་བའི་ཆེད་དུ་དམིགས་ནས་ཕྱོགས་བསྡེབས་བྱས་པ་ཡིན།
ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པ་ནི། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཧི་མ་ལ་ཡའི་ནང་གསེས་གྲངས་ཉུང་མི་རིགས་ཙུམ་གྱི་དགེ་འདུན་པ་འགའ་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། དེ་ཡི་དམིགས་ཡུལ་ནི་ད་ལྟ་བལ་ཡུལ་གྱི་མངའ་ཁུལ་དུ་ཆགས་ཤིང་ཆོས་དང་རིག་གཞུང་གང་ནས་ཀྱང་བོད་དང་ཁ་བྲལ་ཐབས་མེད་པའི་ཧི་མ་ལ་ཡའི་མི་རྒྱུད་རྣམས་ཀྱི་ལོ་རྒྱུས་སོགས་ཡིག་ཆ་སྤྱི་དང་། བྱེ་བྲག་དུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཞབས་དངོས་སུ་བཅགས་ཏེ་ཕུག་རོན་ལྷའི་བུ་མོ་སོགས་མི་མ་ཡིན་པའི་འགྲོ་བའི་དོན་མཛད་པའི་གནས། སྦས་ཡུལ་ཙུམ་གྱི་ལོ་རྒྱུས་སོགས་ཡིག་ཆ་རྣམས་འཚོལ་བསྒྲུབ་དང་ཞིབ་འཇུག་བྱ་བའི་ཆེད་དུ་ཡིན། འདི་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རླབས་ཆེན་གྱི་རིག་གཞུང་ལའང་ཆར་པ་ཆུ་གྲོགས་ལྟ་བུའི་ཞབས་ཏོག་ཕྲན་བུ་ཙམ་ཡོང་བའི་རེ་སྨོན་ཞུ།