བདེ་མཆོག་ལྷོ་སྒོའི་ཆོ་ག །
དེ་ཡང་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་གའམ་ལྷོ་སྒོའི་ཆོ་ག་ནི་གཙོ་བོ་ངན་སོང་སྦྱོང་རྒྱུད་ནས་རྒྱས་པར་གསུངས་ཤིང་། བླ་མེད་དུས་འཁོར་རྩ་རྒྱུད་དང་དགྱེས་རྡོར་གྱི་བཤད་རྒྱུད་གུར་སོགས་ནས་ཀྱང་གསལ་བར་བསྟན་པ་བཞིན། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་རྒྱུད་སྡེ་བཞིར་མ་ཟད་མདོ་ཆོག་ལའང་སྦྱར་བའི་ཕྱག་སྲོལ་བྱུང་། ལྷག་པར་དཔལ་ལྡན་ས་སྐྱ་པ་དང་། རི་བོ་དགེ་ལྡན་པ། རས་ཆུང་སྙན་བརྒྱུད་བཅས་ཀྱི་ལུགས་སུ་འཁོར་ལོ་བདེ་མཆོག་ལ་ཡང་སྦྱར་བའི་ཕྱག་སྲོལ་ཡོད་མོད། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཡི་དམ་གྱི་གཙོ་བོ་འཁོར་ལོ་བདེ་མཆོག་ཡིན་ཀྱང་དེ་ལ་སྔར་གཤིན་པོ་རྗེས་འཛིན་གྱི་ཆོ་ག་མེད་པ་ལ། ན་ནིང་རྒྱལ་དབང་བཅུ་བདུན་པའི་ཡབ་རྒན་ཀརྨ་དོན་གྲུབ་ཞི་བར་གཤེགས་པ་ན་གཟིམ་ལམ་ཞིག་གིས་རྐྱེན་བྱས་ཏེ་རྒྱལ་དབང་མཆོག་ནས་རྗེ་བརྒྱད་པས་མཛད་པའི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་ལ་བརྟེན་པའི་ལྷོ་སྒོའི་ཆོ་ག་མདོར་བསྡུས་ཤིག་རྩོམ་བསྒྲིགས་གནང་བའི་རྗེས་སུ། འབྲེལ་ཡོད་དོན་གཉེར་ཅན་མང་པོས་འབོད་བསྐུལ་ཞུས་པ་ལྟར་ཐེངས་འདིར་ང་ཚོས་ཆོ་ག་བྱིན་ཅན་དེ་ཉིད་འཕྲུལ་དེབ་ཏུ་བཞེངས་ནས་འགྲེམས་སྤེལ་ཞུ་རྒྱུའི་གོ་སྐབས་བྱུང་།