ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །
རྒྱལ་བ་གཉིས་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་དགོངས་གཏེར་དུ་གྲགས་པའི་རྩ་གསུམ་དྲིལ་སྒྲུབ་བམ་ཚེ་དཔག་མེད་རྫུན་སྤོང་བའི་ཆོ་ག་ནི་གང་ཟག་གི་སྒོ་ནས་བོད་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་ཐོག་མ་དང་མཁས་གྲུབ་གཉིས་ལྡན་འགྲན་ཟླ་དང་བྲལ་བ་ཆོས་རྗེ་རང་བྱུང་རྡོ་རྗེ་ལས་བྱུང་ཞིང་། ཆོས་ཀྱི་དབང་དུ་བྱས་ན་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བླ་མ་དང་། ཡི་དམ་དང་། མཁའ་འགྲོ། ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་རྣམས་ལྷ་གཅིག་གི་ངོ་བོར་འདུས་པ་ཙམ་དུ་མ་ཟད་རྒྱུད་སྡེ་བཞི་ཀའི་གོ་ཆོད་པར་ཡང་གྲགས་པ་དང་། འདི་ཉིད་འགྲོ་མགོན་བཀའ་བརྒྱུད་པའི་བརྒྱུད་པ་ལས་བྱུང་བའི་ཚེ་སྒྲུབ་ཀྱི་ཆོ་ག་ལོ་རྒྱུས་རིང་ཞིང་འགྲོ་དོན་ཆེས་ཆེ་བ་ཞིག་ཡིན་པ་དང་། ཡང་སྒོས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱོགས་འདིར་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱི་སྐབས་སུ་ཚེ་སྒྲུབ་ཀྱི་ཆོ་ག་འཕྲིན་ལས་ཆེ་ཤོས་དེ་ཡིན་པར་གསལ་ནའང་། བར་སྐབས་ཤིག་ཏུ་རྙིང་ལུགས་ཀྱི་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་གཙོ་བོ་དར་ནས་ཆོ་ག་འདིའི་བརྒྱུད་པ་མིང་ཙམ་དུ་འགྱུར་ཉེན་ཆེ་བར་གྱུར།