
རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གསུང་འབུམ།
འཚོལ་བསྡུ་ཞུ་སྒྲིག་བྱེད་པོ། ཇོ་སྲས་བཀྲ་ཤིས་ཚེ་རིང་།
འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གཉིས་ཟུང་འབྲེལ་སྤར་དུ་བསྐྲུན་པའོ།།
Published jointly by Tsurphu Labrang and The Amnye Machen Institute
དེབ་འདི་ནི་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་། མདོ་སྔགས་ཀྱི་ཆོས་གསན་པའི་ཐོ། གསུང་རྩོམ་ཐོར་བུ་གང་རྙེད་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ཐོག་མ་དེ་ཡིན། ༸རྒྱལ་དབང་མཆོག་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱོན་པའི་ཤུགས་རྐྱེན་ཆེ་བའི་དབུ་འཁྲིད་ཅིག་ཡིན་པས། བོད་ཀྱི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་དཔེ་དེབ་འདི་ནི་རིན་ཐང་ཅན་གྱི་དཔྱད་གཞིའི་གཏེར་མཛོད་དང་། ལྷག་པར་༸རྒྱལ་དབང་མཆོག་གི་རྗེས་འཇུག་རྣམས་ལ་མཚོན་ན་དེབ་འདིའི་བརྗོད་བྱ་རྣམས་ལོ་རྒྱུས་དང་རྩོམ་ཡིག་གི་རིན་ཐང་ཙམ་ལས་བརྒལ་ཏེ། འདི་ཕྱིའི་ལམ་སྟོན་གྱི་དམིགས་བུ་བཟང་པོ་ཞིག་ཡིན་ནོ། །
རང་བྱུང་རིག་པའི་རྡོ་རྗེ་ནི། (སྤྱི་ལོ་ 1924 ཟླ་ 8 ཚེས་ 14 – སྤྱི་ལོ་ 1981 ཟླ་ 11 ཚེས་ 5) བོད་ཤར་ཕྱོགས་མདོ་ཁམས་སྡེ་དགེར་སྐུ་འཁྲུངས། 1930 ལོར་ཀརྨ་པའི་སྐུ་ཕྲེང་བཅུ་དྲུག་པར་ཁྲི་འདོན་མཛད། 1955 ལོར་རྒྱ་ནག་གཞུང་གིས་གདན་ཞུས་ལྟར་པེ་ཅིང་དུ་ཕེབས། 1956 ལོར་རྒྱ་གར་དུ་སྟོན་པ་སྐུ་བལྟམས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་མཛད་སྒོར་ཕེབས། 1959 ལོར་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས། 1965 ལོར་འབྲས་ལྗོངས་སུ་རུམ་བཏེག་དགོན་ཕྱག་བཏབས། 1974 ལོ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ནང་ཆོས་སྤེལ་ཏེ་ཆོས་ཚོགས་དང་སློབ་རྒྱུན་མང་དུ་འཕེལ། དགུང་གྲངས་ལྔ་བརྒྱད་ཐོག་ཨ་རིར་སྐུ་མྱ་ངན་ལས་འདས། སྐུ་གདུང་འབྲས་ལྗོངས་གདན་སར་སྤྱན་དྲངས་ཏེ་ཞུགས་སུ་ཕུལ་ཏོ། །
བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ། ཆོས་ཚིགས་སུ་བཅད་པ་རེ་རེའི་ཕྱིར་ཡང་ལུས་ལ་ལྕགས་གཟེར་སྟོང་བཏབས་པ་སོགས་ཀྱི་བྱ་དཀའ་བའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་བསླབ་ཅིང་། དགྱེས་མཛད་མར་སྟོན་ཆེན་པོ་སོགས་ཡབ་རྗེ་གོང་མ་རྣམས་ཀྱིས་དང་པོར་ལུས་སྲོག་ལ་མ་ལྟོས་པར་ཆོས་བཙལ། བར་དུ་ཉིན་མཚན་གྱི་རྣམ་གཡེངས་མེད་པར་ཉམས་སུ་བླངས། ཐ་མར་རང་གཞན་གྱི་དོན་གཉིས་འགྲུབ་པ་ཤ་སྟག་བྱུང་བའི་སྔོན་བྱོན་གོང་མའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་ཤེས་པས། གསུང་འབུམ་གྱི་པུསྟི་ཀ་འདི་དག་དད་གུས་ཆེན་པོས་མཆོད་པའི་གནས་སུ་བཀུར་ཞིང་། ས་རྡུལ་གྱི་དྲི་མས་གཡོགས་གཡོགས་སུ་མི་འཇོག་པར་ཡང་ནས་ཡང་དུ་ཀློག་ཅིང་། དོན་རྟོགས་པར་བྱས་ཏེ། གཏན་བདེའི་གོ་འཕང་འགྲུབ་པའི་དོན་དུ་འགྱུར་བ་ཞིག་ཅིས་ནས་ཀྱང་གལ་ཆེ། — ༸རྒྱལ་དབང་བཅུ་བདུན་པའི་ཆེད་བརྗོད་ལས།