
༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་དང་གསོལ་འདེབས། དེ་གཉིས་ཀྱི་འགྲེལ་པ་བཅས།
༈ ༧སྐྱབས་རྗེ་རྡོར་སློབ་བསྟན་དགའ་རིན་པོ་ཆེ་སྐུ་ཕྲེང་གསུམ་པས་མཛད་པའི་༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་ཤིན་ཏུ་བསྡུས་པ་འདི་ནི། ༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་སྒྲུབ་པའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཚིག་ཉུང་ལ་དོན་འདུས་པའི་རྒྱུན་ཁྱེར་འཁྱེར་བདེ་ཞིག་ཡིན་ལ། དེའང་ཐོག་མར་༧སྐྱབས་རྗེ་བསྟན་དགའ་རིན་པོ་ཆེས་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་སྐུ་ཉིད་ཀྱི་བླ་སྒྲུབ་བསྡུས་པ་ཞིག་མཛད་རོགས་གྱིས་ཞེས་གསུང་སྐུལ་ལན་མང་ཞུས་ཀྱང་། ག་ལེར་བལྟ་འོང་གསུངས་བ་ཙམ་ལས་མ་གནང་། ཕྱིས་༧སྐྱབས་རྗེ་རིན་པོ་ཆེ་ཉིད་ཀྱིས་དད་མོས་རྩེ་གཅིག་གིས་གསོལ་བ་བཏབ་སྟེ་བླ་སྒྲུབ་བསྡུས་པ་འདི་བརྩམས་ནས་༧རྒྱལ་དབང་མཆོག་ལ་ཕྲན་གྱིས་འདི་འདྲ་ཞིག་བྲིས་པའི་སྟེང་ནས་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་བྱས་ན་འཐད་དམ་ཞེས་གཟིགས་འབུལ་ཞུས་པས། ཚིག་འདི་བཞིན་བཏོན་ཏེ་ཉམས་ལེན་བྱས་པས་ཆོག་ཅེས་བཀའི་གནང་བ་དང་བྱིན་རླབས་ཐོབ་པ་ཞིག་ཡིན།
༈ དེའི་ཚིག་དོན་རྣམ་པར་བཤད་པའི་འགྲེལ་པ་ནི། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་བླ་མ་ཡོན་ཏན་དཔལ་བཟང་གིས་བསྐུལ་ངོར་མཛད་པ་དང་། ༧སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་ཉིད་ཀྱིས་ཀྱང་བླ་སྒྲུབ་འདིའི་སྟེང་ནས་སྔ་ཕྱི་ལན་འགར་བཀའ་ཁྲིད་དང་དམིགས་རིམ་བཅས་གནང་བ་རྣམས། ད་ཐེངས་ཡིག་ཐོག་ཏུ་ཕབ་བཤུས་བྱས་ཏེ་བླ་སྒྲུབ་འདིའི་ཉམས་ལེན་གྱི་རིམ་པ་ཆ་ཚང་བར་བསྒྲིགས་ཡོད།
༈ གསོལ་འདེབས་བླ་མ་དྲན་པའི་གདུང་དབྱངས་ནི། ༧རྒྱལ་དབང་ཀརྨ་པ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་དང་འབྲེལ་བའི་གསོལ་འདེབས་ཤིག་སྟེ། དེའི་རྩ་བ་ནི། ༧སྐྱབས་རྗེ་རྡོར་སློབ་བསྟན་དགའ་རིན་པོ་ཆེ་མཆོག་ཡུ་རོབ་སྦེལ་ཇམ་བན་ཆེན་ཆོས་ཚོགས་སུ་བཞུགས་སྐབས། ནུབ་གཅིག་གཟིམ་ལམ་དུ་༧རྒྱལ་དབང་མཆོག་མཇལ་ཞིང་ཐུགས་བརྩེ་བའི་ངང་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་པས། མནལ་སད་མ་ཐག་རྩ་བའི་བླ་མ་ཀརྨ་པ་ཆེན་པོ་ཡང་ཡང་དྲན་པས་མ་བཟོད་ནས་མང་དུ་བཤུམས། བླ་མ་སངས་རྒྱས་སུ་དངོས་སུ་མཐོང་བའི་མོས་གུས་ཀྱིས་བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་འདི་མཛད་པ་ཡིན་ལ། དེའི་ཚིག་དོན་རྣམ་པར་བཤད་པའི་འགྲེལ་པ་ནི། བན་ཆེན་སྒྲུབ་བླ་ངག་དབང་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར་༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་བཅུ་པ་ཆེན་པོས་མཛད་པ་ཞིག་ཡིན།