
ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་བདུད་རྩིའི་ཟ་མ་ཏོག །
༸འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས།
རྗེ་བཙུན་སྒྲོལ་མ་དཀར་མོ་ནི་སྒྲོལ་མ་འབྱུང་བའི་རྒྱུད་ལས་བསྟན་ཅིང་། དེའི་སྒྲུབ་ཐབས་ཐོག་མར་བི་ཀྲ་མ་ཤཱི་ལའི་ལྷོ་སྒོ་སྲུང་བའི་པཎྜི་ཏ་ངག་དབང་གྲགས་པས་ཤིང་རྟའི་སྲོལ་ཕྱེས་པ་ལ་བརྟེན་ནས་རྒྱ་བོད་གཉིས་ཀར་རྒྱ་ཆེར་དར། བརྒྱུད་པ་འདིར་ཡང་མར་པ་ལོ་ཙཱ་བ་ནས་རྔོག་པ་ཡབ་སྲས་ལ་བརྒྱུད་པ་དང་། བཀའ་གདམས་པ་ནས་རྗེ་སྒམ་པོ་པ་ལ་བརྒྱུད་པ་སོགས་བརྒྱུད་པ་ཐམས་ཅད་འདུས་ཤིང་། རྗེ་སྒམ་པོ་པ་གཙོ་བོར་གྱུར་པའི་བླ་མ་གོང་མ་མང་པོའི་སྐུ་ཚེ་བསྲིངས་བར་མཛད་པ་སོགས་ཀྱིས་ཕྲིན་ལས་ཀྱི་ལྷ་གཙོ་བོ་ཞིག་ཡིན་ཅིང་། ཆོས་རྗེ་དུས་གསུམ་མཁྱེན་པ་ལ་སྒྲོལ་མ་དཀར་མོའི་ལས་ཚོགས་སྟོང་རྩ་ཡོད་པར་གྲགས་པ་སོགས་ཀྱིས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་ལ་རྗེ་བཙུན་སྒྲོལ་མ་དཀར་མོའི་ཆོས་སྐོར་གྱི་བཀའ་བབ་ཐུན་མོང་མ་ཡིན་པ་ཡོད་པ་ལ། བར་སྐབས་ཤིག་ཏུ་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་ཡིག་ཆ་མང་དུ་མཛད་ནས་རྒྱ་ཆེར་སྤེལ། དུས་ཕྱིས་སུ་སི་ཏུ་ཆོས་འབྱུང་སོགས་ཀྱིས་སྒྲོལ་དཀར་གྱི་སྒྲུབ་ཐབས་མཛད་པ་རྣམས་དར་ཁྱབ་ཆེ་ལ། ལྷག་པར་སྒྲོལ་མ་དཀར་མོ་འདི་ཉིད་བླ་མེད་མ་རྒྱུད་ནས་གསུངས་པ་ལྟར་འདི་ཉིད་ལ་ཇོ་བོ་རྗེ་ནས་བརྒྱུད་པའི་བསྐྱེད་རྫོགས་ཀྱི་མན་ངག་ངོ་མཚར་ཅན་མང་དུ་ཡོད་པ་རྣམས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ལུགས་གཞན་དང་མ་འདྲེས་པར་མཛད་ནས་དགེ་མ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་དཔལ་ལྡན་མར་མེ་མཛད་ཀྱི་ལུགས་གཙང་ལ་མ་འདྲེས་པ་བདུད་རྩི་ཟ་མ་ཏོག་ཅེས་པ་མཛད་པ་ནི་སྤྱིར་ཇོ་ལུགས་སྒྲོལ་དཀར་གྱི་མན་ངག་ཡི་གེར་འཁོད་པ་ཞལ་གསལ་ཤོས་ཤིག་དང་། ལྷག་ཏུ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ལུགས་སུ་སྒྲོལ་མ་དཀར་མོ་ཉམས་ལེན་ཆ་ཚང་ལ་རྣམ་པར་དག་པ་བྱ་དགོས་ན་ཁྲིད་ཡིག་འདི་ནི་གཞི་འཛིན་ས་ལྟ་བུར་གྱུར་པས་ན་ད་རེས་ང་ཚོ་དམ་ཆོས་འཕྲུལ་དེབ་ཀྱིས་འཕྲུལ་དེབ་ཏུ་བཞེངས་ནས་འགྲེམས་སྤེལ་ཞུས་ཡོད་པས་ཉམས་བཞེས་མཛད་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད།