
ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག །
རྗེ་བཙུན་འཕགས་མ་སྒྲོལ་མ་ནི་རྒྱ་བོད་གཉིས་ཀར་འགྲོ་དོན་དང་འཕྲིན་ལས་ཆེ་ཤོས་ཀྱི་ལྷ་མོ་དེ་ཡིན་ལ། དེ་ཉིད་ལ་མཎྜལ་བཞི་ཆོག་བྱེད་པའང་རྗེ་བཙུན་སྒྲོལ་མ་སྒྲུབ་པའི་ཆོ་ག་དམིགས་བསལ་ཞིག་གོ །ལུགས་དེ་གཙོ་བོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བོད་དུ་དར་འཕེལ་བྱུང་བ་ལ། དེ་ལ་ཀམ་ཚང་ལུགས་དང་། སྣར་ཐང་ལུགས་དང་། ས་སྐྱའི་ལུགས་གསུམ་ཡོད་པར་གྲགས། བར་སྐབས་ཤིག་ནས་ཀམ་ཚང་གི་རྗེས་འཇུག་རྣམས་ཀྱིས་ཆོས་རྗེ་དུས་གསུམ་མཁྱེན་པ་ནས་བརྒྱུད་པའི་རང་ལུགས་དམིགས་བསལ་བ་ཞིག་ཡོད་པ་ཤེས་མཁན་ཙམ་ཡང་ཕལ་ཆེར་མེད་པར་གྱུར། ཀར་ལུགས་སྒྲོལ་མ་མཎྜལ་བཞི་ཆོག་གི་རྩ་བའི་ཡིག་ཆ་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་དེ་ཡིན་པ་ལ། དེ་ཉིད་མ་དཔེ་མི་གསལ་བ་དང་། ཚིག་སྣ་བསྡུས་དྲགས་པ། ཆོ་གའི་འགྲོས་ཞལ་གསལ་པོ་མེད་པ། གོང་འོག་མང་དུ་དཀྲུག་དགོས་པ་སོགས་ཀྱིས་ཐེངས་འདིར་༧རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་ནས་མཁའ་སྤྱོད་དབང་པོའི་གསུང་དེ་སོར་བཞག་གིས་ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག་སྲིད་ཞིའི་དཔལ་ཡོན་འགུག་པའི་ལྕགས་ཀྱུ་ཞེས་པ་འདི་མཛད། འདི་ནི་རང་ལུགས་ཐུན་མོང་མ་ཡིན་པ་དེ་ཡིན་པ། ཆོ་གའི་ཡན་ལག་ཐམས་ཅད་ཚང་བ། ཞལ་ཤིན་ཏུ་གསལ་བ། ཁུངས་ལུང་རྒྱུ་མཚན་རྣམས་ཞིབ་ཕྲ་འཁོད་པ་སོགས་ཀྱིས་ཚིག་དོན་གཉིས་ཀ་ནས་རྨད་དུ་བྱུང་བ་ཞིག་ཡིན་པས་ང་ཚོས་ད་རེས་འདིར་འཕྲུལ་དེབ་ཀྱི་ལམ་ནས་པར་བསྐྲུན་ཞུས་པ་ལགས་ན། བརྒྱུད་པ་འདིར་ཞུགས་པའི་སྤྱི་སྒེར་ཐམས་ཅད་ཀྱིས་རང་བསྟན་རང་གཅེས་ཀྱི་ཚུལ་དུ་ཐུགས་སྣང་དང་ཉམས་བཞེས་གནང་བར་ཞུ།