ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་གངྒཱའི་ཆུ་རྒྱུན།
འཆད་ཁྲིད་པ། སངས་རྒྱས་མཉན་པ་རིན་པོ་ཆེ།
དཔེ་སྐྲུན་པར་གཞི། བན་ཆེན་དཔེ་མཛོད་ལེགས་བཤད་རྒྱུན་སྐྱོང་ཁང་།
Print copies: Benchen Lekshe Gyunkyong Khang Library
༈ ཕྱག་ཆེན་གངྒཱ་མ་ནི། མཉམ་མེད་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་ཆུ་འགོ། སྒྲུབ་བརྒྱུད་ཡོངས་ཀྱི་མེས་པོར་གྱུར་པ། གྲུབ་ཆེན་ཏཻ་ལོ་པ་ཆེན་པོའི་ཞལ་སྔ་ནས་མཛད་ཅིང་། ཁ་ཆེའི་ཡུལ་གྱི་མ་ཧཱ་པཎྜི་ཏ་རྗེ་ནཱ་རོ་པ་ཆེན་པོས་དཀའ་བ་བཅུ་གཉིས་སྤྱད་མཐར། ཤར་ཆུ་བོ་གངྒཱའི་འགྲམ་དུ་ཏཻ་ལོ་པས་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གྱི་རྩ་གཞུང་གཙོ་བོ་ཞིག་སྟེ། རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་ཞལ་སྔ་ནས། འཁོར་ལོ་སྡོམ་པའི་རྣལ་འབྱོར་ཏཻ་ལོ་པས། །ཁ་ཆེའི་པཎྜི་ཏ་མཆོག་ནཱ་རོ་པར། །དཀའ་བ་བཅུ་གཉིས་སྤྱད་པའི་དུས་ཀྱི་ཚེ། །ཆུ་བོ་གངྒཱའི་འགྲམ་དུ་འདི་སྐད་གསུངས། །ཞེས་གང་དུ་གསུངས་པའི་གནས་ཀྱི་མིང་ཆོས་ལ་ཐོགས་ཏེ། མཚན་ཡང་ཕྱག་རྒྱ་ཆེན་པོ་གངྒཱ་མ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེའི་གཞུང་ཚད་ལ་རྡོ་རྗེའི་ཚིག་རྐང་ཤོ་ལོ་ཀ་ཉི་ཤུ་རྩ་བརྒྱད་དང་ཚིག་རྐང་གཅིག་བཅས་བཞུགས་ཤིང་། རྗེ་ནཱ་རོ་པ་ཆེན་པོ་དང་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཟུང་གི་ཞལ་སྔ་ནས། བྱང་ཕུལླ་ཧ་རིའི་དགོན་པར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་ནོ། །དེའི་ཁྲིད་ལུང་གི་རྒྱུན་ཡང་ད་བར་མ་ཉམས་པར་བཞུགས་པར་བརྟེན། སླར་ཡང་འཆད་ཉན་སྤེལ་གསུམ་གྱི་རྒྱུན་བཟང་བསྟན་པ་ནམ་གནས་ཀྱི་བར་དུ་མ་ཉམས་པར་གནས་པའི་ཕྱིར། ༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་རྗེ་བཅུ་བདུན་པ་ཆེན་པོ་མཆོག་གིས། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ལ་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། གནས་མཆོག་རྡོ་རྗེ་གདན་དུ་འགྲོ་མགོན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སོ་དྲུག་པའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་གྱི་རིང་། ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཟབ་ཅིང་རྒྱས་པ་སྩལ་གནང་པ་དེ་དང་། ལོ་མང་སྔོན་ཐེ་ཝན་མཚོ་གླིང་དུ་དད་ལྡན་སློབ་ཚོགས་རྣམས་ལ་གནང་བའི་གངྒཱ་མའི་བཀའ་ཆོས་བསྡུས་པ་ཞིག་བཅས་བཞུགས་པ་ཡི་གེར་ཕབ་ཅིང་ཞུས་ཏེ། བཀའ་ཁྲིད་སྔ་ཕྱི་གཉིས་ལ་རིམ་པ་བཞིན་དུ།《གངྒཱའི་ཆུ་རྒྱུན།》ཞེས་དང་།《མེས་པོའི་ཞལ་ལུང་།》ཞེས་པའི་མཚན་གསོལ་ཏེ་དཀྱུས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན།