
ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕྱོགས་བསྒྲིགས།
ཕྱོགས་སྒྲིག་མཛད་པོ། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཀརྨ་པ་དགུ་པ། ཀརྨ་པ་བཅོ་ལྔ་པ། ཞྭ་དམར་དྲུག་པ། ཀརྨ་ཆགས་མེད། ཀརྨའི་མཁན་ཆེན།
ཕྱག་ཆེན་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་བླ་མའི་རྣལ་འབྱོར་མེད་དུ་མི་རུང་ཞིང་། ཀརྨ་བཀའ་བརྒྱུད་པས་ཉམས་སུ་ལེན་པའི་བླ་མའི་རྣལ་འབྱོར་གྱི་གཙོ་བོ་ནི་ཀརྨ་པའི་སྐུ་རབས་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པ་འདི་ཉིད་ཡིན་ཅིང་། དེབ་འདིར་གསར་དུ་རྙེད་སོན་བྱུང་བའི་བླ་མའི་རྣལ་འབྱོར་འདིའི་ཁྲིད་ཡིག་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པ་དང་། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ལྷན་ཐབས། དེང་དུས་ཡོངས་གྲགས་ཀྱི་ཁྲིད་ཡིག་ཀརྨ་ཆགས་མེད་ཀྱིས་མཛད་པ་དང་། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པ་གཉིས་དང་། དེ་བཞིན་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའི་མི་འཇིགས་དབུགས་འབྱིན་མའི་འགྲེལ་པ་བཅས་བཞུགས་ཡོད། ཁྲིད་ཡིག་འདི་དག་ཞལ་གསལ་བར་མ་ཟད། ད་དུང་བླ་མ་མཚན་ལྡན་གྱི་དྲུང་ནས་གདམས་ངག་ཟབ་མོ་ཞུས་ཏེ་ཉམས་སུ་ལེན་ན། མོས་གུས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེ་བར་ཤིན་ཏུ་ཕན་རླབས་ཆེ་བ་ཡིན་ནོ། །