
སྒྲོལ་མ་ལྷ་ལྔའི་རྒྱུན་ཁྱེར་ཨུཏྤལ་ཕྲེང་བ།
༸རྒྱལ་དབང་བཅུ་བདུན་པས་མཛད།
དེ་ཡང་རྗེ་བཙུན་འཕགས་མ་སྒྲོལ་མ་ནི་རྒྱ་བོད་གཉིས་ཀར་འཕྲིན་ལས་འགྲན་ཟླ་བྲལ་བའི་ལྷ་ཡིན་ཅིང་། ཁྱད་པར་སྒྲོལ་མ་ལྷ་ལྔ་འདི་ཉིད་སྤྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པས་བརྒྱུད་པ་ཁུངས་བཙུན་ཅིང་། ལོ་རྒྱུས་རིང་། བྱེ་བྲག་ཏུ་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཐུགས་དམ་གྱི་ལྷ་ཡིན་པས་བརྒྱུད་འཛིན་རྣམས་ཀྱིས་སྒྲོལ་མ་ལྷ་ལྔའི་སྒོ་ནས་བསྙེན་སྒྲུབ་བྱ་ཐུབ་ན་བསྟན་པ་དང་གང་ཟག་སྤྱི་སྒེར་གང་ལ་བསམས་ཀྱང་ལས་སྨོན་གྱི་འབྲེལ་བ་ཟབ་ཅིང་། བརྒྱུད་པའི་བཀའ་བབ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལ། དེ་སྔོན་༧རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་སྒྲོལ་མ་ལྔ་ལྷའི་ཆོ་ག་རྒྱས་པ་ཞིག་མཛད་པ་ལ་བརྟེན་ནས། ཀམ་ཚང་གི་དགོན་སྡེ་རྣམས་སུ་ཆོས་སྐོར་འདིའི་བསྟན་པ་སླར་གསོ་བྱུང་བ་ཤིན་ཏུ་ནས་སྐལ་པ་བཟང་བ་ཡིན་པ་སྨོས་མ་དགོས་ཀྱང་། གང་ཟག་སྒེར་པ་རྣམས་ཀྱིས་རྒྱུན་འདོན་བྱ་རྒྱུའི་ཆོ་ག་སྟབས་བདེ་ཞིག་དགོས་པ་གལ་ཆེ་བའི་དགོངས་ཚུལ་༧རྒྱལ་དབང་མཆོག་ལ་སྔོན་ཚུད་ནས་ཡོད་པའི་ཐོག །འབྲེལ་ཡོད་དོན་གཉེར་ཅན་མང་པོས་ཀྱང་བསྐུལ་མ་ཞུས་པ་ལྟར། ད་རེས་སླར་ཡང་༧རྒྱལ་དབང་བཅུ་བདུན་པ་ཆེན་པོས་སྒྲོལ་མ་ལྷ་ལྔའི་རྒྱུན་ཁྱེར་ཨུཏྤལ་ཕྲེང་བ་ཞེས་པ་ཚིག་སྙན་ལ། དོན་གྱི་གནད་ཚང་ཞིང་གསལ་བ། བྱིན་རླབས་ཀྱི་ཚན་ཁ་ཆེ་བ་འདི་འདྲ་ཞིག་མཛད་གནང་བ་དེ་ཉིད། ད་རེས་དམ་ཆོས་འཕྲུལ་དེབ་ཏུ་འགྲེམས་སྤེལ་ཞུས་ཡོད་པས་དེ་ལུགས་ཀུན་གྱིས་ཉམས་བཞེས་གང་ཐུབ་མཛད་པར་ཞུ།