
ཀར་ལུགས་སྒྲོལ་དཀར་བརྟན་བཞུགས།
དྭགས་པོ་བཀའ་བརྒྱུད་སྤྱི་དང་། ལྷག་པར་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་ལ་རྗེ་བཙུན་སྒྲོལ་མ་དཀར་མོའི་བཀའ་བབས་ཐུན་མོང་མ་ཡིན་པ་ཡོད་ཅིང་། རྗེ་དུས་གསུམ་མཁྱེན་པ་དང་གྲུབ་ཆེན་ཀརྨ་པཀྵི་སོགས་ཀྱི་སྐུ་དུས་སུ་སྒྲོལ་དཀར་གྱི་ལས་ཚོགས་སྟོང་ཕྲག་ཡོད་པའི་ལོ་རྒྱུས་ཡོད་པ་དང་། དུས་ཕྱིས་སུའང་སྒྲུབ་བརྒྱུད་འདིའི་བླ་མ་དགུང་ན་བགྲེས་པ་ཕལ་མོ་ཆེ་སྒྲོལ་མ་དཀར་མོ་ཡི་དམ་དུ་བསྟེན་མྱོང་མཁན་ཤ་སྟག་ཡིན་པ་ལྟ་བུར་ཡོད་མོད།
རྗེ་བཙུན་སྒྲོལ་མ་དཀར་མོའི་སྒོ་ནས་ཡུལ་དམ་པ་ལ་བརྟན་བཞུགས་འབུལ་བའི་ཆོ་ག་ད་བར་ཕལ་ཆེར་མེད་པའི་དབང་གིས་ཉེ་ཆར་རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་གིས་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སྒྲོལ་དཀར་གྱི་སྒྲུབ་ཐབས་གཞིར་བཟུང་། ཆོ་གའི་ཆ་ལག་དགོས་ངེས་རྣམས་ཞལ་སྐོང་དང་འབྲེལ། དངོས་གཞི་བརྟན་བཞུགས་ཀྱི་ཆོ་ག་ཡང་ཇོ་ལུགས་སྒྲོལ་དཀར་གྱི་ཚེ་བསྲིང་བའི་མན་ངག་རྣམས་མ་ཚང་བ་མེད་པའི་ཐོག་ཏུ་གྲུབ་ཐོབ་ཀརྨ་པཀྵིའི་མན་ངག་ཟབ་གནད་ཅན་མང་པོས་ཟུར་བརྒྱན་ཅིང་། མཆོད་བསྟོད་སོགས་ཚིག་བརྗིད་ཉམས་ཆེ་ལ། དོན་བྱིན་ཆགས་པ་རྣམས་༧རྒྱལ་དབང་ཉིད་ནས་གསར་རྩོམ་གནང་སྟེ། མདོར་ན་རྒྱས་བསྡུས་འཚམས་ལ། བྱིན་རླབས་ཀྱི་ཚན་ཁ་ཆེ་ཤིན་ཏུ་ཆེ་བ་ཞིག་མཛད་པར་མ་ཟད།
དེང་སང་བསྟན་པ་ཉག་ཕྲ་བའི་སྐབས་སུ་བསྟན་འཛིན་གྱི་སྐྱེས་བུ་དགུང་ན་བགྲེས་པ་རྣམས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་རྒྱུ་ནི་གང་ལས་ཀྱང་གལ་འགངས་ཆེ་བ་ཞིག་ཡིན་སྟབས། ཆོ་ག་འདིའི་སྒོ་ནས་དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བློ་གྲོས་དོན་ཡོད་བཅས་ལ་བརྟན་བཞུགས་ཀྱང་སྩལ་གནང་མཛད།
ད་རེས་ཆོ་ག་འདི་ཉིད་འཕྲུལ་དེབ་ཏུ་བཞེངས་ནས་དམ་ཆོས་འཕྲུལ་དེབ་ཀྱི་དྲ་ཐོག་འདིར་འགྲེམས་སྤེལ་ཞུས་ཡོད་པས། རྗེས་སོར་རང་རེའི་བླ་དགོན་རྣམས་ཀྱིས་བརྟན་བཞུགས་སྟབས་བདེ་ལ། གནད་དུ་སྨིན་པ་འབུལ་དགོས་ན་ཡིག་ཆ་འདིའི་སྒོ་ནས་འབུལ་ཐུབ་ཚེ་དགེ་མཚན་ཤིན་ཏུ་ཆེ་ཞེས་གཞེན་སྐུལ་ཞུ་བར་འདོད་དོ། །












