
ཨ་ཁུ་ཋོོམ་གྱིི་ཤིིང་ཁང་། ཉམ་ཐག་ཁྲོོད་ཀྱིི་མི་ཚེེ།
“ཨ་ཁུ་ཋོམ་གྱི་ཤིང་ཁང་”ཞེས་པ་འདི་ནི་ཨ་རིའི་རྩོམ་པ་པོ་ལྕམ་སྐུ་ཧེ་རིད་བྷི་ཆིར་སི་ཋོ་(༡༨༡༡-༡༨༩༦) ཀྱིས་བརྩམས་ཤིང་། སྤྱི་ལོ་ ༡༨༥༢ ལོར་ཐེངས་དང་པོར་པར་སྐྲུན་བྱས་པ་དང་། ཨ་རིའི་རྩོམ་རིག་བརྩམས་ཆོས་གྲགས་ཅན་ཞིག་ཡིན། སྒྲུང་རྩོམ་འདི་ནི་ཨ་རིའི་ལྷོ་ཕྱོགས་ཁུལ་གྱི་བྲན་གཡོག་མི་སྣ་ཨ་ཁུ་ཋོམ་ཞེས་པ་དེའི་ཉམས་མྱོང་རྣམས་གཞི་འཛིན་གྱིས་བྲན་གཡོག་གི་འཇིགས་ཡེར་བའི་མི་ཚེ་དེ་སྟོན་ཆེད་བརྩམས་པ་ཞིག་རེད། ཀློག་མཁན་ས་ཡ་མང་པོ་བྱུང་བ་དང་བསྟུན་ནས་དེབ་འདིས་བྲན་གཡོག་གི་ཐད་ལ་མི་མང་གི་ལྟ་ཚུལ་བསྒྱུར་བའི་ནུས་ཤུགས་ཆེན་པོ་ཐོན་པར་ངོས་འཛིན་བྱེད་ཅིང་། ཨ་རིའི་ནང་དུ་བྲན་གཡོག་རྩ་མེད་བཟོ་བའི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། མཐར་ཨ་རིའི་ནང་འཁྲུག་གི་འབྱུང་རྐྱེན་དུའང་གྱུར་ཡོད།
“ཨ་ཁུ་ཋོམ་གྱི་ཤིང་ཁང་”ཞེས་པ་འདི་ནི་དུས་རབས་བཅུ་དགུ་པའི་ཨ་རིའི་ནང་གི་དཔེ་དེབ་བྲིན་ཤོས་གཉིས་པ་དེ་ཆགས་ཤིང་། ཨང་དང་པོ་ནི་ཡེ་ཤུའི་ཆོས་ཀྱི་གསུང་རབ་རེད། དེབ་འདི་སྐད་ཡིག་དྲུག་ཅུ་ལྷག་གི་ནང་དུ་བསྒྱུར་ཡོད། དུས་རབས་ཉེར་གཅིག་པའི་ནང་དུ་སྒྲུང་རྩོམ་འདིས་བསྟན་པའི་བྲན་གཡོག་གི་མི་སྣའི་རྣམ་པ་དེ་དག་ཚུལ་ལྡན་ཡིན་མིན་ལས་འཕྲོས་ཏེ་རྩོད་གླེང་མེད་པ་མིན་མོད། འོན་ཀྱང་སྒྲུང་རྩོམ་འདི་ནི་མུ་མཐུད་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྩོམ་རིག་བརྩམས་ཆོས་ཤིག་ཏུ་གནས་ཡོད་པ་རེད།
ལྕམ་སྐུ་ཧེ་རིད་བྷི་ཆིར་སི་ཋོ་(༡༨༡༡-༡༨༩༦)ལགས་ནི་ཨ་རིའི་རྩོམ་པ་པོ་དང་འཐབ་རྩོད་པ་ཞིག་ཡིན། ལྕམ་སྐུ་སི་ཋོབ་ལགས་ནི་བྲན་གཡོག་ལ་སྐྱོན་བརྗོད་ཚ་ནན་གཏོང་མཁན་ཞིག་དང་། ས་འོག་མེ་འཁོར་ལྕགས་ལམ་ཞེས་པའི་ལས་འགུལ་གྱི་ཚོགས་མི་གནད་ཡོད་ཅིག་ཀྱང་ཡིན། ཐོག་མར་ཁོང་གིས་བྲན་གཡོག་ལ་རྒོལ་བའི་རྩོམ་ཡིག་རྣམས་དུས་དེབ་དང་ཚགས་པར་དུ་སྤེལ་ཞིང་། དེ་ནས་མོའི་སྙན་གྲགས་ལྡན་ཞིང་བྲིན་ཆེ་བའི་སྒྲུང་རྩོམ་ “ཨ་ཁུ་ཋོམ་གྱི་ཤིང་ཁང་”ཞེས་པ་དེ་ ༡༨༥༢ ལོར་པར་སྐྲུན་བྱས། ཁོང་གིས་བརྗོད་དོན། “ད་ནི་བུད་མེད་ཅིག་དང་བྱིས་པ་ཞིག་གིས་ཀྱང་རང་དབང་དང་འགྲོ་བ་མིའི་བདེ་སྡུག་གི་ཆེད་དུ་ཁ་གྲག་རན་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། …ངས་རྩོམ་ཡིག་འབྲི་འཕེར་མཁན་གྱི་བུད་མེད་སུ་ཡང་ཁུ་སིམ་མེར་མི་འདུག་པའི་རེ་སྨོན་བྱེད་ཀྱི་ཡོད།”ཅེས་བཤད། དཔེ་དེབ་ས་ཡ་མང་པོ་བྲིན་པའི་རྩོམ་པ་པོ་ལྕམ་སྐུ་སི་ཋོ་ལགས་ཀྱིས་བྲན་གཡོག་ལ་ངོ་རྒོལ་བྱེད་པའི་གཏམ་བཤད་སྤེལ་ཆེད་གཞི་རྒྱ་ཆེ་བའི་འགྲུལ་བཞུད་བསྐོར་བསྐྱོད་བྱས་ཡོད། ཁོང་གི་སྐུ་ཚེའི་རིང་ལ་ཁོང་གིས་སྒྲུང་རྩོམ་དང་མི་ཚེའི་ལོ་རྒྱུས། བརྩམས་སྒྲུང་ཐུང་གྲས། དེ་བཞིན་དཔྱད་བརྗོད་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་དེས་ཁོང་ནི་རང་གི་དུས་ཚོད་དེའི་སྐབས་ཀྱི་མངོན་གསལ་དོད་ཅིང་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད།














